རྩམ་པའི་སྟོབས་ཤུགས།

༄།། རྩམ་པའི་སྟོབས་ཤུགས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ལས་ཀྱི་ཕ་ཟས་དཀར་པོ་རྩམ་པ་ཡིན།།
ཕ་དང་མེས་པོའི་ལུས་སྟོབས་འདི་ཡིས་རྒྱས།།
རྒྱལ་སྲུང་དམག་འཐབ་སྙིང་སྟོབས་འདི་ཡིས་བསྩལ།།
རྒྱལ་ཁབ་ཤོར་ཡང་ཁ་ཟས་འདི་རང་ཡིན།།
འཐབ་རྩོད་སྙིང་སྟོབས་ཉམས་སོང་མེད་རྟགས་ཡིན།།

ཚེ་འདིའི་ཟས་ཀྱི་དངས་མ་རྩམ་པ་ཡིན།།
ལོ་པཎ་བཀའ་དྲིན་ཅན་ཚོ་འདི་ཡིས་བསྐྱངས།།
ཤེས་རིག་ནོར་བུའི་འོད་སྣང་འདི་ཡིས་བསྐྱེད།།
རྒྱང་རིང་ས་མཐར་ལུས་ཀྱང་འདི་རང་རྟེན།།
ཆོས་དང་རིག་གཞུང་སེམས་ལ་ཡོད་རྟགས་ཡིན།།

བྱམས་ལྡན་ཨ་མའི་ལག་ཟས་རྩམ་པ་ཡིན།།
ང་དང་སྤུན་ཟླའི་ལང་ཚོ་འདི་ཡིས་དར།།
རང་རིགས་ལར་ཞེན་དམར་པོ་འདི་ཡིས་བྱིན།།
མ་དང་རིང་དུ་གྱེས་ཀྱང་འདི་རང་ཟ།།
ཕ་མའི་བཀའ་དྲིན་བརྗེད་སོང་མེད་རྟགས་ཡིན།།

༢༠༡༧/༡༠/༣༠ སྡེ་དགེའི་ལས་ཤག་ཏུ་ཞོགས་ཟས་རྩམ་པ་ཟ་ཞོར།

No comments:

Post a Comment