དཔའ་རྒོད་ཁྲག་གིས་ཚོས་པའི་ཞལ་ཆེམས།

༄།། དཔའ་རྒོད་ཁྲག་གིས་ཚོས་པའི་ཞལ་ཆེམས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ད་བུ་ཁྱོད་མ་འདུག་རི་ལ་སོང་།། རི་ལུང་པ་བསྐོར་ནས་ས་མཐར་སོང་།།
ངའི་རེ་སྨོན་ཁུར་ནས་རྒྱང་ལ་སོང་།། བུ་ཁྱོད་ཀྱི་སྲོག་འགོ་ཐོན་པ་གྱིས།།
ཐོན་སོང་ན་དགྲ་ལན་མ་བརྗེད་དགོས།། ང་ཨ་ཕའི་ལས་དབང་གཡུལ་སར་ཡོད།།
ཁ་ཕྱི་ལ་མི་སྐོར་སེམས་ཐག་ཡིན།།

ད་བུ་ཁྱོད་མ་སྐྱོ་ཚུར་ལ་ཉོན།། ངའི་ལུས་པོའི་སྟེང་ན་རྨ་ཁ་ཡོད།།
རྨ་མང་པོའི་ན་ཟུག་ལྡང་བཞིན་ཡོད།། དགྲ་དམར་པོའི་མདེལ་མགོ་ཟུག་བསྡད་ཡོད།།
སེམས་བསམ་པའི་གཏིང་ན་ཞེ་སྡང་ཡོད།། བུ་ཁྱོད་ལ་ཕོ་ལྷ་དགྲ་ལྷ་དགོས།།
དགྲ་ཤ་ལེན་ལོན་པའི་ཞེ་རུས་དགོས།།

ད་བུ་ཁྱོས་མ་བརྗེད་སེམས་ན་ཟུངས།། བོད་ཁ་བ་ཅན་གྱི་ལས་དབང་འདི།།
ཁྲག་དམར་པོའི་དྲོད་ཐིག་གཅིག་པ་ཡིན།། དེ་ས་ལ་འཕོ་མཁན་བརྗེད་མི་ཉན།།
སྤུན་ཕུ་ནུའི་བར་ན་དམ་ཚིག་དགོས།། དེ་རྒྱ་མགོ་མཐོ་ཡང་འགལ་མི་རུང་།།
འཆི་བར་དོར་སླེབས་ཀྱང་བལྟ་འདུག་ཡིན།།

༢༠༡༧/༡༠/༣༡ ཆུ་སྒང་དམག་མི་ཞིག་གིས་རྟ་གོང་ལ་བུ་ཕྲུག་ཅིག་ཁུར་བསྡད་པར་ལྟ་ཞོར།

No comments:

Post a comment