ལས་ཀྱིས་བསྐོས་པ།


༈ ལས་ཀྱི་བསྐོས་པ།། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 གྱེས་སོང་གི་བུ་མོ་རྙི་ལ་ཐོགས་ནས།།
མི་ཡུལ་གྱི་རེ་བ་རླུང་བུས་ཁྱེར་སོང་།།
ངང་སྒུག་གི་བུ་ཆུང་སྙིང་ཁ་ན་སྟེ།།
མིག་ཆུ་ཡི་ཐིགས་པ་གྲང་ཁར་རྒྱབ་བྱུང་།།
ཤུགས་དྲག་གི་འབབ་ཆུ་བྲག་ལ་བརྡབ་སྟེ།།
ཆུ་ཐིགས་ཀྱི་ཟེགས་མ་གནམ་ལ་འཐོར་སོང་།།
སླད་མེད་ཀྱི་སྙིང་གཏམ་སེམས་ལ་ཕོག་སྟེ།།
བརྩེ་དུང་གི་ཚོར་བ་ལུས་ལ་རྒྱས་སོང་།།

རྨི་ལམ་གྱི་ཞིང་ཁམས་་ཡིད་ལ་འཐད་ཀྱང་།།
རེ་སྒུག་གི་ལོ་ཟླ་འཁྱག་པས་སྡོམ་ནས།།
ལོ་གསུམ་གྱི་ལ་མོ་རྒྱབ་པའི་ཤུལ་དུ།།
རང་རང་གི་སེམས་པ་མིག་ཆུས་ཁྱེར་སོང་།།

རྒྱང་རིང་གི་སེམས་པ་སྡུག་གིས་མནན་ནས།།
གྱེས་བྲལ་གྱི་ཆུ་འཁྱག་སྙིང་ལ་ཕོག་སོང་།།
སྙིང་སྡུག་ཁྱོད་ཁྲེལ་མེད་རེད་འདུག་མ་བསམ།།
ལས་དབང་གི་བསྐོས་པ་འདི་ལས་མི་འདུག།

སྐྱེ་བ་འདིའི་སྙིང་ལ་གས་ཆགས་ཤོར་ནས།།
སྤྲང་འཁྱམ་པའི་ཞེན་ཆགས་ཁྱོད་ལ་འཁོར་སོང་།།
ཁེར་རྐྱང་གི་མིག་ཆུ་ས་མཐར་ཤོར་ཡང་།།
མ་འོངས་པའི་སྨོན་ལམ་ཁྱོད་ལ་བཏབས་ཡོད།།

No comments:

Post a Comment